## 람림첸모 티벳어원본
### 중사도 16

```
- 문서정보
- 논서명: 람림첸모(lamrin_chenmo)
- 판본: Byang chup lam gyi rim pa'i khrid yig: glegs bam dang po
- ISBN: 978-81-924896-0-5
- 저자: 쫑카파(rje tsong kha pa)
```
lamrin-chenmo-bo-16
{: .tibetan}

No | Tibetan
----- | -----
1|མངལ་ནས་བཙའ་བའི་ཚེ་དང་ཕྱི་རོལ་ཏུ་སྐྱེས་པའི་ཚེའི་སྡུག་བསྔལ་ཡང༌།
2|སློབ་སྤྲིངས་ལས།
3|དེ་ནི་རིམ་གྱིས་ཏིལ་མར་བཙིར་སྤྱད་སྲ་བ་ཡིས། །
4|བཙིར་བ་ལྟར་བྱས་དེ་ནས་ཅི་ཞིག་ལྟར་ཏེ་བཙས། །
5|འོན་ཀྱང་མོད་ལ་དེ་སྲོག་མི་འདོར་གང་ཡིན་པ། །
6|སྡུག་བསྔལ་ཉེ་བར་སྤྱད་པའི་རྣམ་པར་མཐོ་བཙམས་མོད། །
7|མི་གཙང་དེ་ནང་གནས་བཅས་འགྲེ་བའི་ལུས་དེ་ནི། །
8|མངལ་གནས་རློན་པས་དཀྲིས་ཤིང་དྲི་ང་མི་བཟད་ལྡན། །
9|གཟིར་བས་གནོད་པ་བདོ་དེ་རྨ་སྨིན་ཞིག་པ་ལྟར། །
10|སྐྱུག་ལ་ཐུག་པ་བཞིན་དུ་སྔོན་གྱི་དྲན་པས་སྤོང༌། །
11|ཞེས་གསུངས་པའོ། །
12|ཚིག་དེ་དག་གི་དོན་ནི།
13|མངལ་དུ་འཇུག་པ་ལས།
14|དེ་ནས་དེ་ཡན་ལག་དང་ཉིང་ལག་ཐམས་ཅད་སྐྱེས་ནས་གཅིན་གྱི་གནས་རུལ་བ་ལྟུང་བ་འགྲེང་བ་མི་བཟད་པ་དྲི་ང་བ་མནམ་པ་མུན་གནག་མཐོང་ན་ཤིན་ཏུ་འཇིགས་སུ་རུང་བ་ཕྱི༌ས་དང་གཅིན་གྱིས་བསྒོས་པ་དྲི་མི་ཞིམ་པའི་དྲི་མ་དང་ཁྲག་དང་ཆུ་སེར་ཅན་རྟག་ཏུ་འཛག་པའི་རྨའི་སྒོར།
15|སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་རླུང་གིས་རྐང་པ་ནི་གྱེན་དུ་བསྟན།
16|མགོ་བོ་ནི་ཐུར་དུ་བསྟན།
17|ལག་པ་གཉིས་བསྐུམས་པ་ན་རུས་པའི་འཁྲུལ་འཁོར་གཉིས་ཀྱིས་གཟིར།
18|ཀུན་ཏུ་གཟིར་ཡོངས་སུ་གཟིར་ཞིང༌།
19|སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག༌པ་རྩུབ་པ་མི་བཟད་པ་ཡིད་དུ་མི་འོང་བ་དག་གིས་ལུས་ཀྱི་ཡན་ལག་རྨ་གསར་པ་ལྟ་བུ་བཟེ་རེ་ཅན་ཐམས་ཅད་སྔོན་པོར་གྱུར་ལ་ལུས་ཀྱི་དབང་པོ་ཐམས་ཅད་ནི་ཚ།
20|མངལ་གྱི་དྲི་མ་ཤིན་ཏུ་བཙོག་པས་ནི་ལུས་གཡོགས།
21|སྐོམ་པས་མཆུ་དང་མགྲིན་པ་དང་སྙིང་ནི་བསྐམས་ཏེ།
22|དོག་པ་དང་ཉམ་ང་བ་མི་བཟད་པར་གནས་པ་དེ་རྒྱུ་དང་རྐྱེན་གྱི་དབང་གིས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་རླུང་གིས་ཕུལ་བ་ན་དཀའ་དཀའ་ལྟར་ཇི་ཞིག་ལྟར་ཏེ་འབྱུང་ངོ་། །
23|དེ་བྱུང་མ་ཐག་ཏུ་ཕྱི་རོལ་གྱི་རླུང་རྨ་ལ་རྩི་དྲག་པོའི་རེག་པ་ཅན་ལྟ་བུའམ་ལག་པའམ་གོས་ཀྱིས་རེག་ན་རལ་གྲིས་བཅད་པ་བཞིན་དུ།
24|སྡུག་བསྔལ་གྱི་ཚོར་བ་ཆེན་པོ་དྲག་པ་རྩུབ་པ་མི་བཟད་པ་ཡིད་དུ་མི་འོང་བ་མྱོང་བར་འགྱུར་རོ། །
25|ཞེས་གསུངས་ཤིང༌།
26|བ་ལང་པགས་པ་བཤུས་པ་ལ་སྲོག་ཆགས་གཞན་གྱིས་ཟོས་པ་དང༌།
27|མཛེ་ཅན་ལུས་ཚོས་པ་ལྕག་གིས་བྲབས་པ་ན་སྡུག་བསྔལ་དྲག་པོ་མྱོང་བ་བཞིན་དུ།
28|བཙས་མ་ཐག་པ་དེ་པང་དུ་བླངས་པ་སོགས་དང་ཚ་བ་དང་གྲང་བས་རེག་པ་ན་ཡང་སྡུག་བསྔལ་དྲག་པ་རྩུབ་པ་མི་བཟད་པ་ཡིད་དུ་མི་འོང་བ་མྱོང་བར་གསུངས་སོ། །
29|སྡུག་བསྔལ་བརྒྱད་ཀྱི་ནང་ནས་ཀྱང་དང་པོ་འདི་དང་ཐ་མ་ལ༌ནན་ཆེར་བྱས་ཏེ་བསྒོམ་དགོས་པས།
30|སྔར་བཤད་པ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་དཔྱད་དེ་བསྒོམ་པར་བྱའོ།།
#|#
31|རྒ་བའི་སྡུག་བསྔལ་བསམ་པ་ལ་ལྔ་ལས།
32|གཟུགས་བཟང་པོ་ཡོངས་སུ་ཉམས་པ་ནི།
33|རྐེད་པ་གཞུ་ལྟར་དུ་དགུ་བ་དང་མགོ་སྤྲ་བའི་མེ་ཏོག་ལྟར་དཀར་བ་དང་དཔྲལ་བ་དྲས་གདན་ལྟར་གཉེར་མས་ཁེབས་པ་སོགས་ཀྱིས་ལང་ཚོ་ཉམས་ནས་མི་སྡུག་པར་འགྱུར་བའོ། །
34|མཐུ་སྟོབས་ཡོངས་སུ་ཉམས་པ་ནི།
35|འདུག་ན་ས་སྒྱེ་ཐག་པ་ཆད་པ་འདྲ་བ་དང་ལངས་ན་ཤིང་རྩ་གནམ་དུ་འདོན་པ་འདྲ་བ་དང་སྨྲ་ན་ལྡིབ་ཅིང་འགྲོ་ན་འབུབ་པ་སོགས་བྱེད་པའོ། །
36|དབང་པོ་ཡོངས་སུ་ཉམས་པ་ནི།
37|མིག་ལ་སོགས་པས་གཟུགས་ལ་སོགས་པ་གསལ་བར་མི་མཐོང་བ་དང་བརྗེད་ངས་ཆེ་བ་ལ་སོགས་པས་དྲན་པ་ལ་སོགས་པའི་མཐུ་བྲི་བའོ། །
38|ཡུལ་ལ་ལོངས་སྤྱོད་པ་ཡོངས་སུ་ཉམས་པ་ནི།
39|བཟའ་བཏུང་ལ་སོགས་པ་འཇུ་དཀའ་ཞིང་གཞན་ཡང་འདོད་པའི་ཡོན་ཏན་རྣམས་ལ་ལོངས་སྤྱད་པར་མི་ནུས་པའོ། །
40|ཚེ་ཡོངས་སུ་ཉམས་པའི་སྡུག་བསྔལ་ནི།
41|ཚེ་ཕལ་ཆེར་ཟད་པས་མྱུར་དུ་འཆི་བ་ལ་ཕྱོགས་པ་སྟེ།
42|དེ་རྣམས་ཡང་དང་ཡང་དུ་སེམས་པའོ། །
43|རྒྱ་ཆེར་རོལ་པ་ལས་ཀྱང༌།
44|རྒ་བས་རྒ་བྱས་ན་ཚོད་ཡོལ་གྱུར་ན། །
45|སྡོང་པོ་གནམ་ལྕགས་ཀྱིས་ནི་བཅོམ་པ་བཞིན། །
46|རྒ་བས་འཁོགས་ན་འཇིགས་བཅས་ཁང་ཧྲུལ་འདྲ། །
47|རྒ་ལས་འབྱུང་བ་ཐུབ་པ་མྱུར་དུ་སྨྲོས། །
48|བུད་མེད་སྐྱེས་པའི་ཚོགས་རྣམས་རྒ་བས་སྐེམས། །
49|འཁྲི་ཤིང་སཱ་ལའི་ནགས་ལ་རླུང་དམར་བཞིན། །
50|རྒ་བས་བརྩོན་འགྲུས་རྩལ་དང་ཤུགས་འཕྲོག་སྟེ། །
51|དཔེར་ན་སྐྱེས་བུ་འདམ་དུ་བྱིང་བ་བཞིན། །
52|རྒ་བས་གཟུགས་སྡུག་གཟུགས་ནི་མི་སྡུག་བྱེད། །
53|རྒ་བས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་འཕྲོག།
54|རྒ་བས་བདེ་བ་འཕྲོག་ཅིང་བརྙས་པར་བྱེད། །
55|རྒ་བས་འཆི་བྱེད་རྒ་བས་མདངས་ཀྱང་འཕྲོག།
56|ཅེས་གསུངས་སོ། །
57|སྤྱན་སྔའི་ཞལ་ནས་འཆི་བའི་སྡུག་བསྔལ་ཐུ་སྟེ་ཡུན་ཐུང༌།
58|རྒས་པ་འདི་ག་ཐུ་གསུང་ངོ་། །
59|ཀ་མ་བའི་ཞལ་ནས།
60|རྒས་པ་ཁད་ཀྱིས་ཁད་ཀྱིས་འོང་བས་དྲག །
61|དུས་གཅིག་ལ་འོང་ན་བསྲན་ཐབས་མེད་གསུང་ངོ་།།
#|#
62|ན་བའི་སྡུག་བསྔལ་བསམ་པ་ལ་ཡང་ལྔ་ལས།
63|ལུས་ཀྱི་རང་བཞིན་འགྱུར་བ་ནི།
64|ལུས་ཀྱི་ཤ་ཞུ་པགས་པ་བསྐམས་པ་སོགས་སོ། །
65|སྡུག་བསྔལ་དང་ཡིད་མི་བདེ་བ་འཕེལ་ཞིང༌དེ་ལ་ཤས་ཆེར་གནས་པ་ནི།
66|ལུས་ཀྱི་ཆུ་ལ་སོགས་པའི་ཁམས་རྣམས་ཆ་མི་མཉམ་པར་ཤས་ཆེ་ཆུང་དུ་འཁྲུགས་པས་ལུས་ལ་གདུང་བ་བསྐྱེད་ཅིང་དེས་སེམས་ལ་མི་བདེ་བ་བསྐྱེད་པས་ཉིན་མཚན་འདའ་དགོས་པའོ། །
67|ཡུལ་གྱི་ལོངས་སྤྱོད་ཡིད་དུ་འོང་བ་མི་འདོད་པ་ནི།
68|ཡིད་དུ་འོང་བའི་ཡུལ་རྣམས་ལ་ནད་ལ་གནོད་ཟེར་ནས་འདོད་བཞིན་དུ་སྤྱད་དབང་མེད་པ་སྟེ།
69|དེ་བཞིན་དུ་སྤྱོད་ལམ་ཡང་གང་འདོད་པ་རྣམས་བྱར་མེད་པའོ། །
70|ཡུལ་གྱི་ལོངས་སྤྱོད་ཡིད་དུ་མི་འོང་བ་ལ་མི་འདོད་བཞིན་དུ་སྤྱད་དགོས་པ་ནི།
71|སྨན་དང་བཟའ་བཏུང་སོགས་ཡི་གར་མི་འོང་བ་ནན་གྱིས་སྤྱད་དགོས་ཤིང༌།
72|དེ་བཞིན་དུ་མེས་བསྲེག་པ་དང་མཚོན་གྱིས་འབུགས་པ་སོགས་ཀྱི་དཔྱད་རྩུབ་པོ་རྣམས་བསྟེན་དགོས་པའོ། །
73|སྲོག་གི་དབང་པོ་དང་འབྲལ་བར་འགྱུར་བ་ནི།
74|ནད་མི་འཚོ་བར་མཐོང་ནས་སྡུག་བསྔལ་བསྐྱེད་པ་སྟེ།
75|དེ་རྣམས་ལ་ཞིབ་ཏུ་སེམས་པའོ། །
76|རྒྱ་ཆེར་རོལ་པ་ལས་ཀྱང༌།
77|ནད་བརྒྱ་མང་དང་ནད་ཐིབས་སྡུག་བསྔལ་གྱིས། །
78|འགྲོ་བ་གཙེས་ཏེ་མི་ཡིས་རི་དྭགས་བཞིན། །
79|རྒ་དང་ན་བས་བཅོམ་པའི་འགྲོ་ལྟོས་ལ། །
80|སྡུག་བསྔལ་ལས་ནི་འབྱུང་བ་མྱུར་ཤོད་ཅིག །
81|དཔེར་ན་དགུན་སྨད་རླུང་དང་ཁ་བ་ཆེ། །
82|རྩྭ་ཤིང་གེལ་པ་ནགས་སྨན་མདངས་ཀྱང་འཕྲོག །
83|དེ་ལྟར་ནད་འདིས་འགྲོ་བའི་མདངས་འཕྲོག་ཅིང༌། །
84|དབང་པོ་གཟུགས་དང་སྟོབས་ནི་ཉམས་པར་བྱེད། །
85|ནོར་འབྲུ་ནོར་ཆེན་ཐ་མར་ཟད་པར་བྱེད། །
86|ནད་ནི་རྟག་ཏུ་འགྲོ་བ་བརྙས་པར་བྱེད། །
87|གནོད་པ་བྱེད་ཅིང་སྡུག་ལ་སྡང་བར་བྱེད། །
88|ཡོངས་སུ་གདུང་བྱེད་མཁའ་ལས་ཉི་མ་བཞིན། །
89|ཞེས་གསུངས་སོ།།
#|#
90|འཆི་བའི་སྡུག་བསྔལ་བསམ་པ་ལ་ཡང་ལྔ་སྟེ།
91|ལོངས་སྤྱོད་སྡུག་པ་ཕུན་སུམ་ཚོགས་པ་དང་འབྲལ་བ་དང༌།
92|རྩ་འཇིང་སྡུག་པ་ཕུན་སུམ་ཚོགས་པ་དང་འབྲལ་བ་དང༌།
93|འཁོར་སྡུག་པ་ཕུན་སུམ་ཚོགས་པ་དང་འབྲལ་བ་དང༌།
94|ལུས་སྡུག་པ་ཕུན་སུམ་ཚོགས་པ་དང་འབྲལ་བ་དང༌།
95|འཆི་བའི་ཚེ་སྡུག་བསྔལ་དང་ཡིད་མི་བདེ་དྲག་པོ་མྱོང་བ་སྟེ།
96|དེ་རྣམས་ལ་ཡིད་སྐྱོ་བར་མ་གྱུར་གྱི་བར་དུ་ཡང་དང་ཡང་སེམས་པའོ། །
97|སྔ་མ་བཞི་སྡུག་བསྔལ་དུ་འགྲོ་ཚུལ་ནི།
98|ཕུན་ཚོགས་བཞི་པོ་དེ་དག་དང་འབྲལ་བར་མཐོང་ནས་སྡུག་བསྔལ་བའོ། །
99|རྒྱ་ཆེར་རོལ་པ་ལས་ཀྱང༌།
100|འཆི་དང་འཕོ་དང་འཆི་འཕོ་དུས་བྱེད་པ། །
101|ཕངས་ཤིང་སྡུག་པའི་སྐྱེ་བོ་རྟག་ཏུ་འབྲལ། །
102|ཕྱིར་མི་འོང་ཞིང་ཕྲད་པར་འགྱུར་མ་ཡིན། །
103|ཤིང་ལས་ལོ་འབྲུལ་འདྲ་ཞིང་ཀླུང་རྒྱུན་མཚུངས། །
104|འཆི་བ་དབང་ཡོད་པ་དག་དབང་མེད་བྱེད། །
105|འཆི་བས་འཕྲོག་བྱེད་ཆུ་བོས་ཤིང་དེད་བཞིན། །
106|མི་ནི་གཉིས་མིན་གྲོགས་མེད་གཅིག་པུར་འགྲོ། །
107|རང་ལས་འབྲས་བུ་ལྡན་པས་དབང་ཡང་མེད། །
108|འཆི་བས་སྲོག་ཆགས་བརྒྱ་ཕྲག་མང་འཛིན་ཏེ། །
109|འབྱུང་པོའི་ཚོགས་ལ་རྒྱ་མཚོའི་ཆུ་སྲིན་བཞིན། །
110|ཀླུ་ལ་མཁའ་ལྡིང་གླང་ཆེན་སེང་གེ་འདྲ། །
111|རྩྭ་ཤིང་འབྱུང་པོའི་ཚོགས་ལ་མེ་དང་མཚུངས། །
112|ཞེས་གསུངས་སོ།།
#|#
113|མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་བསམ་པ་ལ་ཡང་ལྔ་སྟེ།
114|དགྲ་ལྟ་བུ་དང་ཕྲད་པ་ཙམ་གྱིས་སྡུག་བསྔལ་དང་ཡིད་མི་བདེ་བ་སྐྱེ་བ་དང༌།
115|དེས་ཆད་པས་གཅོད་པའི་འཇིགས་པའི་གནས་སུ་གྱུར་པ་དང༌།
116|ཚིགས་སུ་བཅད་པ་མེད་པ་སྟེ་གཏམ་ངན་པས་འཇིགས་པ་དང༌།
117|ཉམ་ང་བཞིན་དུ་འཆི་བས་འཇིགས་པ་དང༌།
118|ཆོས་ལས་འགལ་བས་ཤི་བའི་འོག་ཏུ་ངན་འགྲོར་སོང་གིས་དོགས་ནས་འཇིགས་པ་སྟེ།
119|དེ་དག་ལ་སེམས་པའོ། །
120|སྡུག་པ་དང་བྲལ་བའི་སྡུགབསྔལ་བསམ་པ་ཡང་ལྔ་སྟེ།
121|ཆེས་ཕངས་པའི་གཉེན་ལ་སོགས་པ་དང་བྲལ་བ་ན་དེས་སེམས་ལ་མྱ་ངན་སྐྱེ་བ་དང༌།
122|ངག་ཏུ་སྨྲེ་སྔགས་འདོན་པ་དང༌།
123|ལུས་ལ་གནོད་པ་བསྐྱེད་པ་དང༌།
124|ཡུལ་དེའི་ཡོན་ཏན་དྲན་ཞིང་འདོད་པས་ཡིད་གདུང་བ་དང༌།
125|དེའི་ལོངས་སྤྱོད་མ༌ཚང་བ་སྟེ་དེ་རྣམས་ལ་སེམས་པའོ། །
126|འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ་བསམ་པ་ཡང་ལྔ་སྟེ།
127|སྡུག་པ་དང་བྲལ་བ་དང་འདྲའོ། །
128|འདོད་པ་བཙལ་ཏེ་མ་རྙེད་པ་ནི་སོ་ནམ་བྱས་ཀྱང་སྟོན་ཐོག་མ་གྲུབ་པ་དང༌།
129|ཚོང་བྱས་ཀྱང་ཁེ་སྤོགས་མ་ཐོན་པ་སོགས་ཏེ།
130|གང་ལ་རེ་བ་དེ་འབད་ནས་བཙལ་ཡང་མ་རྙེད་པས་ཡི་ཆད་པའི་སྡུག་བསྔལ་ལོ། །
131|མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ཞེས་གསུངས་པའི་དོན་བསམ་པ་ཡང་ལྔ་སྟེ།
132|མངོན་པར་འགྲུབ་པའི་སྡུག་བསྔལ་གྱི་སྣོད་དང༌།
133|མངོན་པར་གྲུབ་པ་ལ་བརྟེན་པའི་སྡུག་བསྔལ་གྱི་སྣོད་དང༌།
134|སྡུག་བསྔལ་གྱི་སྡུག་བསྔལ་གྱི་སྣོད་དང༌།
135|འགྱུར་བའི་སྡུག་བསྔལ་གྱི་སྣོད་དང༌།
136|འདུ་བྱེད་ཀྱི་སྡུག༌བསྔལ་གྱི་རང་བཞིན་དུ་གྱུར་པ་སྟེ།
137|དེ་དག་ལ་ཡང་ཡང་སེམས་པའོ། །
138|དེ་ལ་དང་པོ་ནི།
139|ཉེར་ལེན་གྱི་ཕུང་པོ་འདི་བླངས་པ་ལ་བརྟེན་ནས་སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་སྡུག་བསྔལ་རྣམས་འདྲེན་པའོ། །
140|གཉིས་པ་ནི།
141|ཕུང་པོ་གྲུབ་ཟིན་པ་ལ་བརྟེན་པའི་ན་རྒ་ལ་སོགས་པའི་རྟེན་དུ་གྱུར་པའོ། །
142|གསུམ་པ་དང་བཞི་པ་ནི།
143|སྡུག་བསྔལ་གཉིས་པོ་དེའི་གནས་ངན་ལེན་རྗེས་སུ་འབྲེལ་བས་དེ་གཉིས་བསྐྱེད་པའོ། །
144|ལྔ་པ་ནི།
145|ཉེར་ལེན་གྱི་ཕུང་པོ་གྲུབ་ཙམ་གྱིས་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་དུ་སྐྱེ་སྟེ།
146|ལས་དང་ཉོན་མོངས་པ་སྔ་མའི་གཞན་གྱི་དབང་དུ་གྱུར་པའི་འདུ་བྱེད་ཐམས་ཅད་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པའི་ཕྱིར་རོ། །
147|འདི་ཞིབ་ཏུ་སྡུག་བསྔལ་གསུམ་གྱི་སྐབས་སུ་བཤད་པར་བྱའོ།།
#|#
148|ཉེར་ལེན་གྱི་ཕུང་པོའི་རང་བཞིན་གྱི་འཁོར་བ་ལ་སྐྱོ་བ་རྣལ་མ་ཞིག་མ་སྐྱེས་ན་ཐར་པ་དོན་གཉེར་གྱི་བློ་སྣ་རྣལ་མ་སྐྱེ་ས་མེད་ཅིང༌།
149|སེམས་ཅན་འཁོར་བར་འཁྱམས་པ་ལ་སྙིང་རྗེ་ཆེན་པོ་ཡང་སྐྱེ་ཐབས་མེད་པས་ཐེག་པ་ཆེ་ཆུང་གང་དུ་འཇུག་ཀྱང་བསམ་པ་འདི་ཤིན་ཏུ་གལ་ཆེའོ། །
150|དེ་སྐྱེ་བ་ཡང་དྲི་མ་མེད་པའི་གསུང་རབ་དང་དགོངས་འགྲེལ་ཚད་ལྡན་གྱི་རྗེས་སུ་འབྲངས་ནས་གོ་བ་རྣམ་དག་བཙལ་ཏེ།
151|དེ་ནས་རིང་དུ་སོ་སོར་རྟོག༌པའི་དཔྱད་སྒོམ་གྱིས་བློའི་འགྱུར་བ་དྲག་པོ་འདོན་དགོས་པས།
152|བཅོམ་ལྡན་འདས་ཀྱིས་སྡུག་བདེན་འཁོར་བའི་ཉེས་དམིགས་ཤེས་པ་ལ་སྡུག་བསྔལ་བརྒྱད་གསུངས་པའི་དགོངས་པ་འཕགས་པ་ཐོགས་མེད་ཀྱིས་ལེགས་པར་གཏན་ལ་ཕབ་པ་ལྟར་བཤད་པ་ཡིན་ནོ། །
153|པོ་ཏོ་བའི་ཞལ་ནས་རིགས་དྲུག་གང་དུ་སྐྱེས་ཕན་ཆད་ན་ཚ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བ་ནི་ན་རྒྱུ་ཞིག་ན་བ་ཡིན།
154|འཆི་རྒྱུ་ཞིག་འཆི་བ་ཡིན་གྱི།
155|དེ་ལ་མི་འོས་པ་ཞིག་གློ་བུར་དུ་བྱུང་བ་མིན་འཁོར་བའི་མཚན་ཉིད་དམ་རང་བཞིན་ཡིན།
156|འཁོར་བར་གནས་རིང་ལ་དེ་ལས་མ་འདས།
157|རང་ཅག་དེ་ལ་ཡིད་འབྱུང་ན་སྐྱེ་བ་སྤོང་དགོས།
158|དེ་ལ་རྒྱུ་སྤོང་དགོས་གསུང་བ་ལྟར་སྔར་བཤད་པའི་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་འབྱུང་བ་རྣམས་ལ་དེ་ལྟར་དུ་བསམ་མོ།།
#|#
159|གཉིས་པ་སྡུག་བསྔལ་དྲུག་བསམ་པ་ནི།
160|བཤེས་སྤྲིངས་ཀྱི་འགྲེལ་པར་བདུན་གསུངས་པའི་ཐ་མ་ནི་སོ་སོའི་ཉེས་དམིགས་ཡིན་པས་འདིར་དྲུག་བསམ་པར་བྱའོ། །
161|དེ་ལ་ངེས་པ་མེད་པའི་ཉེས་པ་ནི།
162|འཁོར་བ་ན་འཁོར་བ་ན་ཕ་མ་ལ་སོགས་པ་གཉེན་རྣམས་ཚེ་རབས་གཞན་དུ་དགྲར་འགྱུར་ཞིང་དགྲ་རྣམས་གཉེན་དུ་འགྱུར་བ་དང༌།
163|དེ་བཞིན་དུ་ཕ་བུར་འགྱུར་ཞིང་བུ་ཕར་འགྱུར་བ་དང་མ་ཆུང་མར་འགྱུར་ཞིང་ཆུང་མ་མར་འགྱུར་བ་སོགས་སུ་རིམ་པ་བཞིན་འཕོས་ནས་འགྲོ་བ་ཁོ་ན་ཡིན་པས་ཡིད་བརྟན་རུང་བ་ཡེ་མེད་པ་སྟེ།
164|བཤེས་སྤྲིངས་ལས།
165|ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །
166|སྐྱེ་བོ་དགྲར་གྱུར་པ་ཡང་བཤེས་ཉིད་དང༌། །
167|ལྡོག་པ་ཉིད་དུ་མཆི་བས་དེ་སླད་དུ། །
168|འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །
169|ཞེས་གསུངས་སོ། །
170|ཚེ་འདི་ཉིད་ལ་ཡང་དགྲ་གཉེན་ཕན་ཚུན་དུ་འགྱུར་ནས་འགྲོ་སྟེ།
171|དཔུང་བཟང་གིས་ཞུས་པ་ལས།
172|རེ་ཞིག་ཅིག་ན་དགྲ་ཡང་མཛའ་བོར་འགྱུར། །
173|མཛའ་བོ་ཡང་ནི་དེ་བཞིན་དགྲར་ཡང་འགྱུར། །
174|དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་འགྱུར། །
175|བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར། །
176|དེ་བཞིན་མཛའ་བཤེས་འགྱུར་བར་རིག་ནས་ནི། །
177|བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ། །
178|གཉེན་ལ་དགའ་བའི་སེམས་ཀྱི་རྣམ་རྟོག་དག །
179|བཟློག་ནས་དགེ་ལ་ཅི་བདེར་གཞག་པར་བྱ། །
180|ཞེས་གསུངས་པ་ལྟར་བསྒོམས་ནས།
181|དགྲ་གཉེན་ལ་རིས་སུ་བཅད་ནས་ཆགས་པ་དང་སྡང་བ་སྐྱེ་བ་བཀག་སྟེ་འཁོར་བའི་ཆོས་ལ་བློ་གཏད་ས་གང་ཡང་མེད་པར་བལྟས་ལ་སྐྱོ་བར་བྱའོ།།
#|#
182|ངོམས་མི་ཤེས་པའི་ཉེས་པ་ནི།
183|རེ་རེས་རྒྱ་མཚོ་བཞི་ལས་ལྷག་པ་ཡི། །
184|འོ་མ་འཐུངས་ཏེ་ད་དུང་སོ་སོ་ཡི། །
185|སྐྱེ་བོའི་རྗེས་སུ་འབྲང་བའི་འཁོར་བ་པས། །
186|དེ་བས་ཆེས་མང་ཉིད་ཅིག་བཏུང་འཚལ་ལོ། །
187|ཞེས་སེམས་ཅན་རེ་རེས་ཀྱང་སྔར་མའི་ནུ་ཞོ་ཇི་ཙམ་འཐུངས་པ་དང༌།
188|ད་དུང་ཡང་ཐར་པའི་ལམ་ལ་མ་བསླབས་ན་ཇི་ཙམ་འཐུང་བར་འགྱུར་བ་སེམས་པའོ། །
189|འདི་ནི་མཚོན་པ་ཙམ་སྟེ་འཁོར་བའི་ཕུན་ཚོགས་དང་སྡུག་བསྔལ་ལ་འདི་མ་མྱོང་བྱ་བ་མེད་པའི་ཚུལ་བསམས་ནས་ཡིད་སྐྱོ་བར་བྱ་དགོས་ཏེ།
190|བདེ་བ་ལ་ལོངས་སྤྱོད་པ་ནི་ཡིད་ཚིམ་པའི་ཕྱིར་ཡིན་ན།
191|སྲིད་པའི་བདེ་བ་ནི་ཇི་ཙམ་ལོངས་སྤྱད་ཀྱང་ཚིམ་པ་མེད་པས་ཕྱི་ཕྱིར་སྲེད་པ་འཕེལ་བར་འགྱུར་ཞིང༌།
192|དེས་ཀྱང་འཁོར་བར་རིང་དུ་འཁྱམས་ཏེ།
193|བདེ་བ་དེ་དག་གིས་ཆ་ཙམ་དུ་ཡང་མི་ཕོད་པའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་བ་རྣམས་དུས་དཔག་ཏུ་མེད་པར་མྱོང་བར་འགྱུར་རོ། །
194|བཤེས་སྤྲིངས་ལས།
195|ཇི་ལྟར་མཛེ་ཅན་སྲིན་བུས་ཉེན་པ་ནི། །
196|བདེ་བའི་དོན་དུ་མེ་ལ་ཀུན་བསྟེན་ཀྱང༌། །
197|ཞི་བར་མི་འགྱུར་དེ་ཉིད་འདྲ་བར་ནི། །
198|འདོད་པ་རྣམས་ལ་ཆགས་པའང་མཁྱེན་པར་མཛོད། །
199|ཅེས་དང༌།
200|ཕར་ཕྱིན་བསྡུས་པ་ལས་ཀྱང༌།
201|འདོད་པ་དེ་དག་ཐོབ་པ་དང༌། །
202|ཉིན་གཅིག་བཞིན་དུ་བསྟེན་པ་དང༌། །
203|མང་དུ་བསགས་པས་མི་ངོམས་ན། །
204|དེ་ལས་ནད་ཆེ་གང་ཞིག་ཡོད། །
205|ཅེས་དང༌།
206|སློབ་སྤྲིངས་ལས་ཀྱང༌།
207|འགྲོ་བར་ལན་བརྒྱར་མ་སོན་འགྲོ་དེ་གང་ཞིག་ཡོད། །
208|སྔོན་ཆད་ལན་མང་མ་མྱོང་བདེ་བ་དེ་གང་ཞིག །
209|རྔ་ཡབ་དཀར་མཛེས་ལྟ་བུའི་དཔལ་གང་མ་ཐོབ་པ། །
210|དེ་ཡང་གང་ཞིག་ཡོད་ན་འོན་ཀྱང་འདོད་ཆགས་འཕེལ། །
211|སྔོན་ཆད་ལན་མང་མ་མྱོང་སྡུག་བསྔལ་དེ་ཡོད་མིན། །
212|འགྲོ་བར་གང་གིས་ཚིམ་འགྱུར་འདོད་པ་དེ་དག་མེད། །
213|གང་གི་ལྟོར་མ་ཉལ་བའི་སེམས་ཅན་དེ་མེད་ན། །
214|འོན་ཀྱང་ཇི་ལྟར་འཁོར་བ་པ་ལ་ཆགས་བྲལ་མེད། །
215|ཅེས་གསུངས་པ་ལྟར་བསམ་མོ།།
#|#
216|གཞན་ཡང་མྱ་ངན་བསལ་བ་ལས་གསུངས་པ་ལྟར་བསམས་ན་ནི་ཤིན་ཏུ་སྐྱོ་བར་འགྱུར་ཏེ།
217|ཡང་དང་ཡང་དུ་དམྱལ་བ་ན། །
218|ཟངས་ཞུན་བསྐོལ་བ་གང་འཐུངས་པ། །
219|རྒྱ་མཚོའི་ནང་གི་ཆུ་ལ་ཡང༌། །
220|དེ་ཡི་ཚད་ཙམ་ཡོད་མ་ཡིན། །
221|ཁྱི་དང་ཕག་ཏུ་གྱུར་པ་ན། །
222|མི་གཙང་བ་ནི་གང་ཟོས་པ། །
223|རི་ཡི་རྒྱལ་པོ་ལྷུན་པོ་ཡི། །
224|ཚད་ལས་ཤིན་ཏུ་ལྷག་པར་འགྱུར། །
225|མཛའ་བཤེས་རབ་ཏུ་བྲལ་བ་ཡིས། །
226|འཁོར་བའི་གནས་སུ་གང་ངུས་པ། །
227|མིག་གི་མཆི་མའི་ཐིགས་པ་ཡི། །
228|སྣོད་དུ་རྒྱ་མཚོ་རུང་མ་ཡིན། །
229|ཕན་ཚུན་དག་ཏུ་རྩོད་པའི་ཕྱིར། །
230|མགོ་བོ་བཅད་པ་གང་ཡིན་པ། །
231|སྤུངས་ན་དེ་ལྟར་མཐོ་བ་ནི། །
232|ཚངས་པའི་འཇིགརྟེན་ལས་ཀྱང་ཐལ། །
233|སྲིན་བུར་གྱུར་ཅིང་རབ་བཀྲེས་པས། །
234|ས་ལུད་ཟོས་པ་གང་ཡིན་པ། །
235|འོ་མའི་རྒྱ་མཚོ་ཆེ་ནང་དུ། །
236|དེ་ཡིས་བཀང་ན་ཤིན་ཏུ་འགེང༌། །
237|ཞེས་གསུངས་པ་ལྟར་རོ། །
238|དེ་ལྟར་ན་སྡོང་པོ་བཀོད་པ་ལས།
239|ཁྱོད་ཀྱིས་འདོད་རྒྱུས་དོན་མེད་ཆུད་གཟན་པའི། །
240|ལུས་ཀྱི་སྔོན་གྱི་མཐའ་གང་དྲན་བྱས་ཏེ། །
241|དེ་རིང་བྱང་ཆུབ་ཡོངས་ཚོལ་བརྟུལ་ཞུགས་དང༌། །
242|བཅས་འདིར་བརྟུལ་ཞུགས་ཀྱིས་ནི་འདོད་པ་ཆོམ། །
243|ཁྱོད་ཀྱིས་འདོད་རྒྱུས་དོན་མེད་ཆུད་གཟན་པའི། །
244|ལུས་ཀྱི་སྔོན་གྱི་མཐའ་གང་དྲན་བྱས་ཏེ། །
245|གངྒཱའི་བྱེ་སྙེད་མཉེས་པར་མ་བྱས་ཤིང༌། །
246|འདི་འདྲའི་གསུང༌གང་སངས་རྒྱས་ལས་མ་ཐོས། །
247|ཞེས་གསུངས་པ་ལྟར།
248|སྲིད་པའི་ཕུན་ཚོགས་ཇི་སྙེད་ཅིག་ཐོབ་ཀྱང་བསླུས་པ་དང་དོན་མེད་པའི་སྡུག་བསྔལ་དཔག་ཏུ་མེད་པ།
249|མྱོང་ནས་སྔར་ལྟར་ལུས་དཔག་ཏུ་མེད་པ་ཆུད་ཟོས་པ་དྲན་པར་བྱ།
250|ད་དུང་ཡང་མ་འབད་ན་དེ་ལྟར་འགྱུར་བའི་ཚུལ་བསམས་ལ་སྐྱོ་བ་བསྐྱེད་པར་བྱའོ། །
251|སྤྱན་སྔའི་ཞལ་ནས།
252|ཇོ་བོ་སྟོན་པ་ཐོག་མ་མེད་པ་ནས་ཅི་འདྲའི་ལུས་ཤིག་བླངས་པ་ལ།
253|ད་རེས་བཞིན་དུ་ཐེག་ཆེན་གྱི་ཆོས་བྱེད་མ་མྱོང་བས་འབུང་དགོས་གསུང་བ་དང༌།
254|གསང་ཕུ་བའི་ཞལ་ནས།
255|འཁོར་བ་འདིར་གན་བུབ་མང་པོ་ཞིག་བྱེད་དགོས་པ་འདི་ཉམས་ལ་རེ་མ་བབ་གསུང་བ་ལྟ་བུའི་བློ་སྣ་མ་སྐྱེས་ཀྱི་བར་དུ་བསམ་དགོས་ཤིང༌།
256|སྐྱེས་ནས་ཀྱང་རྒྱུན་ལྡན་དུ་བསྐྱང་དགོས་སོ།།
#|#
257|ལུས་ཡང་དང་ཡང་དུ་འདོར་བའི་ཉེས་པ་ནི།
258|རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །
259|ལྷུན་པོ་མཉམ་པ་སྙེད་ཅིག་འདས་གྱུར་ཏེ། །
260|ཞེས་གསུངས་ཏེ།
261|སེམས་ཅན་རེ་རེའི་ལུས་བླངས་ནས་དོར་བའི་རུས་པ་མ་གོད་ན་ལྷུན་པོ་ལས་ཀྱང་མང་བའོ། །
262|ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བའི་ཉེས་པ་ནི།
263|མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །
264|རི་ལུས་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །
265|ཞེས་པའོ། །
266|འདི་སྔ་མ་རྣམས་སེམས་ཅན་གཅིག་གིས་མ་བྱས་པའི་གྲངས་ལ་སྦྱོར་བ་ནི་དོན་མིན་ཏེ།
267|འདིའི་འགྲེལ་པར་མདོ་དྲངས་པ་ལས།
268|དགེ་སློང་དག །
269|དཔེར་ན་སྐྱེས་བུ་འགའ་ཞིག་གིས་ས་ཆེན་པོ་འདི་ལས་རྒྱ་ཤུག་གི་ཚིག་གུ་ཙམ་གྱི་རི་ལུ་ཐོགས་ཏེ།
270|འདི་ནི་བདག་གི་མའོ། །
271|འདི་ནི་བདག་གི་མ་དེའི་ཡང་མའོ་ཞེས་འདོར་བར་བྱེད་ན།
272|དགེ་སློང་དག །
273|ས་ཆེན་པོ་འདིའི་འཇིམ་པ་ནི་ཆེས་སྔར་འཛད་པར་འགྱུར་གྱི།
274|མི་རྣམས་ཀྱི་མ་བརྒྱུད་པ་ནི་དེ་ལྟ་མ་ཡིན་ནོ།།
#|#
275|ཞེས་རང་གི་མ་ནས་དེའི་མ་ལ་སོགས་པའི་མ་རིམ་པ་བཞིན་དུ་བརྒྱུད་པ་སྟོན་པར་སྣང་བའི་ཕྱིར་དང༌།
276|གཞུང་ལས་ཀྱང་མའི་ཐུག་མཐའ་ཞེས་གསུངས་པའི་ཕྱིར་རོ། །
277|འདི་སྐྱོ་བའི་རྒྱུར་འགྱུར་ལུགས་ནི།
278|བཞི་བརྒྱ་པ་ལས།
279|གང་ཚེ་འབྲས་བུ་གཅིག་གི་ཡང༌། །
280|ཐོག་མའི་རྒྱུ་ནི་སྣང་མིན་པ། །
281|དེ་ཚེ་གཅིག་ལ་ཡང་རྒྱས་པར། །
282|མཐོང་ནས་གང་ལ་འཇིགས་མི་འབྱུང༌། །
283|ཞེས་གསུངས་པ་དང༌།
284|དེའི་འགྲེལ་པར་ཡང༌།
285|འདིས་ནི་རྒྱུན་དཔག་གིས་མི་ལང་བའི་ཚང་ཚིང་གིས་ཆེས་རྒྱུ་བར་དཀའ་བའི་འཁོར་བའི་འབྲོག་དགོན་པ་ཆེན་པོ་ལ་རྟག་ཏུ་སྐྱོ་བ་དང་དེ་དང་རྗེས་སུ་མཐུན་པའི་ཚུལ་བཞིན་གྱི་རྣམ་པ་བསྒོམ་པར་རིགས་སོ། །
286|ཞེས་གསུངས་པ་ལྟར་ཤེས་པར་བྱའོ།།
#|#
287|ཡང་དང་ཡང་དུ་མཐོ་དམན་དུ་འགྱུར་བའི་ཉེས་པ་ནི།
288|བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །
289|ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྟུང༌། །
290|འཁོར་ལོས་བསྒྱུར་བ་ཉིད་དུ་གྱུར་ནས་ཀྱང༌། །
291|འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །
292|མཐོ་རིས་བུ་མོའི་ནུ་མ་རྐེད་པ་ལ། །
293|རེག་པས་བདེ་བ་ཡུན་རིང་མྱོང་ནས་སླར། །
294|དམྱལ་བར་འཐག་གཅོད་དབད་པའི་འཁྲུལ་འཁོར་གྱི། །
295|རེག་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །
296|རྐང་པའི་རེག་པས་ནེམས་པར་བདེ་བཟོད་པ། །
297|ལྷུན་པོའི་སྤོ་ལ་ཡུན་རིང་གནས་ནས་ནི། །
298|སླར་ཡང་མེ་མུར་རོ་མྱགས་རྒྱུ་བ་ཡིས། །
299|སྡུག་བསྔལ་མི་བཟོད་ཕོག་སྙམ་བགྱིད་འཚལ་ལོ། །
300|མཐོ་རིས་བུ་མོས་འབྲོངས་ཤིང་དགའ་བ་དང༌། །
301|རྣམ་པར་མཛེས་ཚལ་སོན་པར་བརྩེས་ནས་སླར། །
302|འདབ་མ་རལ་གྲི་འདྲ་ཚལ་གནས་རྣམས་ཀྱིས། །
303|རྐང་ལག་རྣ་བ་སྣ་གཅོད་འཐོབ་པར་འགྱུར། །
304|དལ་གྱིས་འབབ་པར་ལྷ་ཡི་བུ་མོ་ནི། །
305|གདོང་མཛེས་གསེར་གྱི་པདྨ་ལྡན་ཞུགས་ནས། །
306|སླར་ཡང་དམྱལ་བའི་ཆུ་བོ་རབ་མེད་པ། །
307|ཚ་རྒོས་བཟོད་གླགས་ཆུ་ཚན་འཇུག་འཚལ་ལོ། །
308|ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང། །
309|ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །
310|མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡིས། །
311|སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །
312|ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི། །
313|འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། །
314|སླར་ཡང་མུན་གནག་སྨག་ཏུ་ཕྱིན་གྱུར་ནས། །
315|རང་གི་ལག་པ་བརྐྱངས་པའང་མི་མཐོང་འགྱུར། །
316|ཞེས་གསུངས་སོ། །
317|འཐག་པ་ལ་སོགས་པའི་འཁྲུལ་འཁོར་གསུམ་ནི་རིམ་པ་ལྟར་བསྡུས་འཇོམས་དང་ཐིག་ནག་དང་ཚ་བ་གསུམ་ན་ཡོད་དོ། །
318|མཐོ་རིས་བུ་མོས་འབྲོངས་པ་ནི་ལྷའི་བུ་མོས་བསྟེན་པའོ། །
319|ལྷ་ཡུལ་འདོད་བདེ་ཞེས་པ་ནི་སུམ་ཅུ་རྩ་གསུམ་ཡན་ཆད་ཀྱི་འདོད་ལྷའི་འོ། །
320|ཉི་མ་དང་ཟླ་བའི་འོད་ནི་རྟེན་དང་བརྟེན་པ་མ་ཕྱེ་བར་འཇིག་རྟེན་ན་གྲགས་པ་ལྟར་བཤད་པ་སྟེ།
321|ཕྱེ་ན་དེ་གཉིས་ཀྱི་གཞལ་མེད་ཁང་གི་འོད་དོ། །
322|འདི་དག་གིས་མཚོན་ནས་མཐོ་ས་ནས་དམའ་སར་འགྲོ་བའི་ཚུལ་ཐམས་ཅད་བསམས་ནས་སྲིད་པ་ལ་སྐྱོ་བར་བྱ་སྟེ།
323|སྲིད་པའི་ཕུན་ཚོགས་ཐམས་ཅད་ཀྱི་མཐའ་རྒུད་པས་སྡུད་པའི་ཕྱིར་རོ། །
324|དེ་ཡང་འདུལ་བ་ལུང་ལས།
325|བསགས་པ་ཀུན་གྱི་མཐའ་འཛད་ཅིང༌། །
326|མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར། །
327|ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །
328|གསོན་པའི་མཐའ་ནི་འཆི་བ་ཡིན། །
329|ཞེས་གསུངས་པ་ལྟར་རོ།།
#|#
330|གྲོགས་མེད་པའི་ཉེས་པ་ནི།
331|དེ་ལྟར་ནོངས་པར་འགྱུར་འཚལ་བསོད་ནམས་ནི། །
332|རྣམ་གསུམ་མར་མེའི་སྣང་བ་རབ་བཞེས་ཤིག །
333|གཅིག་པུ་ཉི་མ་ཟླ་བས་མི་བརྫི་བའི། །
334|མུན་གནག༌མཐའ་ཡས་ནང་དུ་འཇུག་འཚལ་ལོ། །
335|ཞེས་གསུངས་པའོ། །
336|ནོངས་པར་འགྱུར་བ་འཚལ་བ་ནི་གོང་དུ་བསྟན་པ་དེ་ལྟར་འཆི་དགོས་པ་མཁྱེན་པར་མཛོད་ལ།
337|བསོད་ནམས་ཀྱི་སྣང་བ་བཞེས་ཤིག་ཅེས་པའོ། །
338|བསོད་ནམས་གསུམ་ནི་སྒོ་གསུམ་གྱི་དགེ་བའམ་སྦྱིན་པ་ལས་བྱུང་བ་སོགས་གཞི་གསུམ་མོ། །
339|མུན་གནག་མཐའ་ཡས་པ་ནི་མ་རིག་པའི་མུན་པའོ། །
340|གྲོགས་མེད་པར་འཇུག་པ་ནི།
341|སྤྱོད་འཇུག་ལས།
342|ལུས་འདི་གཅིག་པུ་བྱུང་བ་ཡང༌། །
343|ལྷན་ཅིག་སྐྱེས་པའི་ཤ་རུས་དག །
344|ཞིག་སྟེ་སོ་སོར་འགྱེས་འགྱུར་ན། །
345|མཛའ་བ་གཞན་ལྟ་ཅི་ཞིག་སྨོས། །
346|སྐྱེ་ན་གཅིག་པུ་སྐྱེ་འགྱུར་ཞིང༌། །
347|འཆི་ནའང་དེ་ཉིད་གཅིག་འཆི་སྟེ། །
348|སྡུག༌བསྔལ་སྐལ་གཞན་མི་ལེན་ན། །
349|གེགས་བྱེད་མཛའ་བས་ཅི་ཞིག་བྱ། །
350|ཞེས་གསུངས་པ་ལྟར་རོ། །
351|དེ་ལྟར་དྲུག་ནི་གསུམ་དུ་འདུ་སྟེ།
352|འཁོར་བ་ལ་ཡིད་བརྟན་བྱ་ས་མེད་པ་དང༌།
353|དེའི་བདེ་བ་ལ་ཇི་ཙམ་སྤྱད་ཀྱང་ངོམས་པའི་མཐའ་མེད་པ་དང༌།
354|ཐོག་མ་མེད་པ་ནས་ཞུགས་པའོ། །
355|དང་པོ་ལ་བཞི་ལས།
356|ལུས་ཐོབ་པ་ལ་ཡིད་བརྟན་མི་རུང་བ་ནི།
357|ཡང་དང་ཡང་དུ་ལུས་འདོར་བའོ། །
358|ཕན་གནོད་བྱེད་པ་ལ་ཡིད་བརྟན་མི་རུང་བ་ནི།
359|ངེས་པ་མེད་པའོ། །
360|ཕུན་ཚོགས་ཐོབ་པ་ལ་ཡིད་བརྟན་མི་རུང་བ་ནི།
361|མཐོ་དམན་དུ་འགྱུར་བའོ། །
362|འགྲོགས་པ་ལ་ཡིད་བརྟན་མི་རུང་བ་ནི།
363|གྲོགས་མེད་པར་འགྲོ་བའོ། །
364|གསུམ་པ་ནི།
365|ཡང་ཡང་ཉིང་མཚམས་སྦྱོར་བ་སྟེ།
366|སྐྱེ་བ་བརྒྱུད་པའི་མཐའ་མི་མངོན་པའོ། །
367|དེ་ལྟར་བསྡུས་ནས་ཀྱང་བསམ་པར་བྱའོ།།
#|#
368|གསུམ་པ་སྡུག་བསྔལ་གསུམ་བསྒོམ་པ་ནི།
369|དཔེར་ན།
370|ཕོལ་མིག་གམ་འབྲས་ཤིན་ཏུ་ཚ་བ་དེ་ལ་ཆུ་བསིལ་བ་བཏབ་ན་བདེ་བར་སྣང་བ་ལྟ་བུ་ནི།
371|འཁོར་བ་པ་རྣམས་ཀྱི་ཚོར་བ་བདེ་བ་སྟེ།
372|འདི་ནི་ནམ་ཞིག་པ་ན་ཡང་སྡུག་བསྔལ་བསྐྱེད་པས་འགྱུར་བའི་སྡུག་བསྔལ་ལོ། །
373|དེ་ཡང་ཚོར་བ་དེ་ཁོ་ན་མ་ཡིན་གྱི།
374|དེ་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་གཞན་རྣམས་དང༌།
375|གང་ལ་དམིགས་ནས་སྐྱེ་བའི་ཡུལ་ཟག་བཅས་རྣམས་ཀྱང་འགྱུར་བའི་སྡུག་བསྔལ་ལོ། །
376|འབྲས་ཚ་བས་གདུངས་པ་དེ་ཚྭ་ཆུ་ལ་སོགས་པའི་འགྱུར་བྱེད་ཀྱི་རེག་པ་དང་ཕྲད་པ་ན་ཆེས་སྡུག་བསྔལ་བ་བཞིན་དུ།
377|ཚོར་བ་སྡུག་བསྔལ་ཤེས་པར་བྱ་སྟེ།
378|ནམ་སྐྱེས་པ་ཙམ་ནས་ལུས་སམ་སེམས་གདུང་བར་བྱེད་པའི་ཕྱིར་སྡུག་བསྔལ་གྱི་སྡུག་བསྔལ་ཏེ།
379|མཁལ་མའི་ཟུག་གཟེར་བཞིན་ནོ། །
380|དེ་ཡང་ཚོར་བ་གཅིག་པུ་མིན་པ༌ནི་སྔར་ལྟར་རོ། །
381|རེག་པ་དེ་གཉིས་ཀ་དང་མ་ཕྲད་པའི་དུས་ཀྱི་འབྲས་ཚ་བ་ལྟ་བུ་ནི།
382|ཟག་པ་དང་བཅས་པའི་ཚོར་བ་བཏང་སྙོམས་ཏེ།
383|གནས་ངན་ལེན་རྗེས་སུ་འབྲེལ་བས་འདུ་བྱེད་ཀྱི་སྡུག་བསྔལ་ལོ། །
384|འདི་ཡང་ཚོར་བ་གཅིག་པུ་ལ་མི་བྱ་བ་ནི་སྔར་ལྟར་རོ། །
385|འདི་ནི་ལས་དང་ཉོན་མོངས་པ་སྔ་མའི་གཞན་དབང་དུ་གྱུར་ཅིང༌།
386|སྡུག་བསྔལ་དང་ཉོན་མོངས་པ་ཕྱི་མ་རྣམས་སྐྱེ་བའི་ས་བོན་རྗེས་སུ་འབྲེལ་བས་ན་ཀུན་ཏུ་འགྲོ་བའི་གནས་ངན་ལེན་དང་ལྡན་པའོ། །
387|དེ་ལྟར་ཚོར་བ་བདེ་བ་སྐྱེས་པ་ན་ཆགས་པ་རྒྱས་པ་དང༌།
388|སྡུག་བསྔལ་སྐྱེས་པ་ན་ཁོང་ཁྲོ་འཕེལ་བ་དང༌།
389|བདེ་སྡུག་གང་ཡང་མིན་པའི་གནས་ངན་ལེན་དུ་གཏོགས་པའི་ལུས་ལ་མི་རྟག་པ་ལ་རྟག་པ་སོགས་སུ་འཛིན་པས་གཏི་མུག་རྒྱས་པར་འགྱུར་རོ། །
390|དེ་ལ་འདོད་ཆགས་ཀྱིས་ནི་ཕྱི་མར་འགྲོ་བ་ལྔར་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་བསྐྱེད་ལ།
391|ཞེ་སྡང་གིས་ནི་འདིར་མྱ་ངན་སོགས་དང་ཕྱི་མར་ངན་འགྲོའི་སྡུག་བསྔལ་བསྐྱེད་ཅིང༌།
392|གཏི་མུག་གིས་ནི་དེ་གཉིས་ཀྱིས་བསྐྱེད་པའི་སྡུག་བསྔལ་གཉིས་ཀ་མི་གཏོང་བའི་ཕྱིར་ཞུགས་པའོ། །
393|དེས་ན་ཚོར་བ་བདེ་བ་ལ་སྡུག་བསྔལ་དུ་བལྟས་ལ་འདོད་ཆགས་དགག །
394|ཚོར་བ་སྡུག་བསྔལ་ལ་ཕུང་པོ་འདི་སྡུག་བསྔལ་གྱི་རྒྱུའི་ཚོགས་པ་ཡིན་པས་དེ་ལས་ཟུག་རྔུ་ལྟར་བྱུང་བར་བསམས་ལ་ཞེ་སྡང་དགག །
395|ཚོར་བ་བཏང་སྙོམས་ལ་ནི་མི་རྟག་པ་དང་ཟད་ཅིང་འགོག་པའི་རང་བཞིན་ཅན་དུ་བལྟས་ལ་གཏི་མུག་དགག་སྟེ།
396|ཚོར་བ་གསུམ་དུག་གསུམ་གྱི་རྒྱུར་མི་གཏོང་བའོ། །
397|དེ་དག་ནི་རྣལ་འབྱོར་སྤྱོད་པའི་ས་དང་རྣམ་པར་གཏན་ལ་དབབ་པ་བསྡུ་བའི་དགོངས་པ་བཞིན་དུ་བཤད་པའོ། །
398|དཔེར་ན་ཁུར་ཆེན་པོ་ཁྱེར་བ་ནི་ཁུར་དེ་ཇི་ཙམ་འཁུར་དགོས་པ་དེ་ཙམ་དུ་བདེ་བ་མེད་པ་བཞིན་དུ།
399|ཉེ་བར་ལེན་པའི་ཕུང་པོའི་ཁུར་ཡང་ཇི་སྲིད་བཟུང་དགོས་པ་དེ་སྲིད་དུ་སྡུག་བསྔལ་བར་འགྱུར་ཏེ།
400|ཕུང་པོ་འདི་ལ་སྡུག་བསྔལ་དང་ཉོན་མོངས་ཀྱི་གནས་ངན་ལེན་བརྟན་ཆགས་པར་ཡོད་པས་འདུ་བྱེད་ཀྱི་སྡུག་བསྔལ་དེ་ཡོད་ན།
401|ཚོར་བའི་སྡུག་བསྔལ་ད་ལྟ་མེད་པའི་སྐབས་རེ་བྱུང་ཡང་དེ་མ་ཐག་ཡང་སྒོ་སྣ་ཚོགས་ནས་སྡུག་བསྔལ་དུ་མ་བསྐྱེད་པས་ན།
402|འདུ་བྱེད་ཀྱི་སྡུག་བསྔལ་ནི་སྡུག་བསྔལ་ཐམས་ཅད་ལ་ཁྱབ་པ་དང་སྡུག་བསྔལ་གཞན་གཉིས་ཀྱི་རྩ་བ་ཡིན་པས་འདི་ལ་སྐྱོ་བ་མང་དུ་བསྒོམ་མོ།།
#|#
403|གཞན་ཡང་ཆགས་པ་རྒྱས་པར་འགྱུར་བའི་ད་ལྟའི་ཚོར་བ་བདེ་བ་ནི་ཕལ་མོ་ཆེ་སྡུག་བསྔལ་ཕྱིར་བཅོས་པ་ལ་བདེ་བའི་བློ་སྐྱེས་པ་ཡིན་གྱི།
404|སྡུག་བསྔལ་བསལ་བ་ལ་མ་བལྟོས་པའི་ངོ་བོ་ཉིད་ཀྱིས་བདེ་བ་ནི་མེད་དེ།
405|དཔེར་ན་འགྲོ་དྲགས་པས་སྡུག་བསྔལ་བ་ན་བསྡད་པས་བདེ་བའི་བློ་འབྱུང་བ་དེ་སྔ་མའི་སྡུག་བསྔལ་ཆེ་རིམ་ནས་འགགས་པའི་ཚེ།
406|བདེ་བ་རིམ་གྱིས་སྐྱེས་པར་སྣང་བ་ཡིན་གྱི།
407|ངོ་བོ་ཉིད་ཀྱིས་བདེ་བ་ནི་མིན་ཏེ།
408|སླར་ཡང་བསྡད་དྲགས་ན་སྔ་མ་ལྟར་སྡུག་བསྔལ་བསྐྱེད་པའི་ཕྱིར་རོ། །
409|ངོ་བོ་ཉིད་ཀྱིས་བདེ་བའི་རྒྱུ་ཡིན་ན་སྡུག་བསྔལ་གྱི་རྒྱུ་ཇི་ལྟར་བསྟེན་པ་ཙམ་གྱིས་སྡུག་བསྔལ་ཇེ་འཕེལ་དུ་འགྲོ་བ་བཞིན་དུ།
410|འགྲོ་འདུག༌དང་ཉལ་བ་དང་བཟའ་བཏུང་དང་ཉི་མ་དང་གྲིབ་མ་བསྟེན་པ་སོགས་ཀྱང་ཇི་ཙམ་རིང་དུ་བསྟེན་པ་དེ་ཙམ་དུ་བདེ་བ་ཇེ་འཕེལ་དུ་འགྲོ་དགོས་པ་ལ།
411|རིང་དྲགས་ན་སྡུག་བསྔལ་འབའ་ཞིག་བསྐྱེད་པར་སྣང་བའི་ཕྱིར་རོ། །
412|དེ་ལྟར་ཡང་མངལ་དུ་འཇུག་པ་ལས།
413|དགའ་བོ་འཆག་པ་དང་འདུག་པ་དང་འགྲེང་བ་དང་ཉལ་བའི་སྤྱོད་ལམ་དག་ཀྱང་སོ་སོ་སོ་སོར་སྡུག་བསྔལ་བར་རིག་པར་བྱ་སྟེ།
414|བསམ་གཏན་པས་སྤྱོད་ལམ་དེ་དང་དེ་དག་གི་རང་བཞིན་བརྟགས་ན།
415|གལ་ཏེ་འཆག་པས་ཉི་མ་འདའ་བར་བྱེད་ཅིང་འགྲེང་བར་མི་བྱེད་འདུག་པར་མི་བྱེད་ཉལ་བར་མི་བྱེད་ན།
416|དེས་འཆག་པ་དེ་ལ་སྡུག་བསྔལ་ཁོ་ན་སོ་སོར་མྱོང་བར་འགྱུར་ཞིང་དྲག་པ་ཉིད་དང་རྩུབ་པ་ཉིད་དང་མི་བཟད་པ་ཉིད་དང་ཡིད་དུ་མི་འོང་བ་ཉིད་སོ་སོར་མྱོང་བར་འགྱུར་གྱི།
417|འཆག་པ་དེ་ལ་བདེ་བའི་འདུ་ཤེས་འབྱུང་བར་ནི་མི་འགྱུར་རོ། །
418|ཞེས་གསུངས་ཤིང༌།
419|སྤྱོད་ལམ་གཞན་གསུམ་ལ་ཡང་དེ་ལྟར་གསུངས་ནས།
420|དགའ་བོ།
421|འོན་ཀྱང་སྤྱོད་ལམ་གྱི་སྡུག་བསྔལ་དེ་དང་དེ་རྒྱུན་བཅད་པའི་ཕྱིར་སྡུག་བསྔལ་གསར་པ་གཞན་དང་གཞན་འབྱུང་བ་ལ་བདེ་བའི་འདུ་ཤེས་འབྱུང་སྟེ།
422|དགའ་བོ།
423|འབྱུང་བ་ན་ཡང་སྡུག་བསྔལ་འདི་ཁོ་ན་འབྱུང་ལ།
424|འགག་པ་ན་ཡང་སྡུག་བསྔལ་ཁོ་ན་འགག །
425|འབྱུང་བ་ན་ཡང་འདུ་བྱེད་དག་ཉིད་འབྱུང་ལ།
426|འགག་པ་ན་ཡང་འདུ་བྱེད་དག་ཉིད་འགག་གོ །
427|ཞེས་གསུངས་ཤིང༌།
428|བཞི་བརྒྱ་པ་ལས་ཀྱང༌།
429|འཕེལ་བཞིན་པ་ཡི་བདེ་བ་ལ། །
430|ཇི་ལྟར་བཟློག་པ་མཐོང་གྱུར་པ། །
431|དེ་ལྟར་སྡུག་བསྔལ་འཕེལ་བཞིན་ལ། །
432|བཟློག་པ་ཡོད་པ་མ་ཡིན་ནོ། །
433|ཞེས་གསུངས་པའི་ཕྱིར་རོ།།